查看原文
其他

གླིང་དཀར་དཔའ་བོའི་ཀི་སྒྲ།

白玛晋美郎嘉 白玛晋美郎嘉 2024-01-25


བསང་འབོད་ལེགས་ཚོགས་ཆར་འབེབས།

བླ་མ་སེང་ཆེན་ཡིད་བཞིན་ནོར་བུ་ཁོང་ཿ
བདེ་གསལ་མི་རྟོག་གཡོ་མེད་ཏིང་འཛིན་ངང་ཿ 
འཛམ་གླིང་ཡུལ་ཁམས་མ་ལུས་བདེར་བཀོད་ནསཿ 
རིགས་དྲུག་སེམས་ཅན་འདྲེན་བཞིན་བཞུགས་པའི་དུསཿ  
འཇམ་དབྱངས་དྲག་པོ་ཉི་འབུམ་དར་ཡག་ནིཿ 
དབུ་ལ་པད་ཞྭ་ཟ་འོག་ན་བཟའ་དང་ཿ 
ཁ་ཊཱཾ་རྩེ་གསུམ་རྡོ་རྗེའི་ཕྱག་མཚན་བཅསཿ  
ཨོ་རྒྱན་རྒྱལ་བོའི་རྣམ་པར་སྐུར་བཞེངས་ནསཿ 
མཁན་སློབ་ཆོས་གསུམ་བསམ་ཡས་འགྲུབ་སྟོན་དུཿ 
འདྲེ་སྲིན་དམ་བཏགས་དཀར་ཕྱོགས་སྤྱི་བསང་ལྟརཿ  
བོད་ཟླ་ལྔ་བའི་དུས་ཆེན་བཅོ་ལྔ་ལཿ  
འཕྲིན་བཅོལ་བསང་གི་འབོད་པ་འདི་ལྟར་གྱེརཿ  
རཾ་ཡཾ་ཁ་ཾདང་ཨོཾ་ཨཱཿ ཧཱུཾ་གསུམ་གྱིས།།
ཤུག་པ་སྤེན་དཀར་འོམ་བུ་ཤིང་སྣའི་ཚོགས།།
བསང་རྫས་དར་གོས་གསེར་སྐྱེམས་བྱིན་རླབས་ནས།།
ཟག་མེད་བདུད་རྩི་བསང་གི་མཆོད་པ་འབུལ།།

ཀ་དག་སྤྲོས་མཐའ་བྲལ་བའི་ཀློང་ཡངས་ནས།།

རྩ་བརྒྱུད་བླ་མ་ཡི་དམ་བསང་ལ་བྱོན།།

མི་མངོན་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས།།

ཆོས་སྐྱོང་མ་གཟའ་དམ་གསུམ་བསང་ལ་བྱོན།།

སྐུ་མཁར་སེང་འབྲུག་སྟག་རྩེའི་ཕོ་བྲང་ནས།།

གླིང་དཀར་རྒྱལ་བློན་དམག་ཚོགས་བསང་ལ་བྱོན།།

རི་བྲག་གངས་དང་ས་གཉན་ཆུ་མིག་ནས།།

ཡུལ་འདིའི་ལྷ་ཀླུ་གཞི་བདག་བསང་ལ་བྱོན།།

དེ་ལྟར་མཆོད་བསྟོད་བཀའ་ཡི་གཉེར་གཏད་ནི།།

ཁྱབ་བདག་བླ་མའི་སྐུ་ཚེ་རབ་བརྟན་ཅིང་།།

མཛད་པ་འཕྲིན་ལས་འགྲོ་དོན་མཐར་རྒྱས་ཏེ།།

ཐེག་ཆེན་ཆོས་སྒྲས་ས་གསུམ་ཁྱབ་པར་ཤོག།

སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་།།

དེ་འཛིན་འདུས་སྡེའི་བསླབ་གསུམ་མཐར་ཕྱིན་ཏེ།།

ཐོསབསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་་གྱིས།།

ལུང་རྟོགས་བསྟན་པའི་རྒྱལ་མཚན་སྒྲེང་བར་སྨོན།།

སྦྱིན་པའི་བདག་པོའི་འགལ་རྐྱེན་ཀུན་ཞི་ནས།།

མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་དང་།།

བུ་ཚའི་གང་བྱས་བྱ་བ་ལམ་འགྲོ་ཞིང་།།

མི་ནོར་ཆོས་གསུམ་འཛོམས་པའི་བཀྲ་ཤིས་ཤོག།

སྟག་ལྟར་ངར་བའི་རླུང་རྟ་ཡར་བསྐྱེད།།

སེང་ལྟར་འགྱིང་བའི་རླུང་རྟ་ཡར་བསྐྱེད།།

ཁྱུང་ལྟར་འཕུར་བའི་རླུང་རྟ་ཡར་བསྐྱེད།།

འབྲུག་ལྟར་ལྡིར་བའི་རླུང་རྟ་ཡར་བསྐྱེད།།

དཀོན་མཆོག་སྲིད་ཞུའི་མགྲོན་མཆོད་ཚོགས་གཉིས་རྫོགས།།

མགོན་པོ་ཡོན་ཏན་མགྲོན་མཆོད་འཕྲིན་ལས་སྒྲུབས།།

རིགས་དྲུག་སྙིང་རྗེའི་མགྲོན་མཆོད་ངན་འགྲོ་སྟོངས།།

ལན་ཆགས་མགྲོན་མཆོད་བུ་ལོན་བྱང་གྱུར་ཅིག།

    ཅེས་བསང་འབོད་བཀྲ་ཤིས་དཔལ་འབར་འདི་ནི་བོད་ཆུ་ཡོས་ལོ་ཟླ་ལྔ་བའི་ཚེས་བཅོ་ལྔ་འཛམ་གླིང་སྤྱི་བསང་ཆེན་མོའི་ཞོགས་པར་གླིང་གསེར་བའི་ཉི་འབུམ་དར་ཡག་ཁོང་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་སྐུར་ཟ་ཧོར་རྒྱལ་བོའི་རྣམ་པར་བྱོན་ཏེ་ཀ་དག་ཆོས་དབྱིངས་ཆེན་མོ་ནས་ཟག་མེད་བདུད་རྩི་བསང་གི་མཆོད་པ་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ཡོངས་སུ་ཁྱབ་པའི་བསང་མཆོད་རྒྱ་ཆེན་པོ་འབུལ་བཞིན་བསང་འབོད་ལེགས་ཚོགས་ཆར་འབེབས་འདི་ལྟར་གསུང་སྙམ་སྐབས་རིང་མོ་ཞིག་ནས་སྤུན་གྲོགས་པ་སངས་ལགས་ཀྱི་བསྐུལ་མ་བྱས་པ་གློ་བུར་དྲན་པའི་རྐྱེན་བྱས་ཏེ་པདྨ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱིས་ཡི་གེ་བྲིས་ཏེ་རེ་ཞིག་གསང་རྒྱ་བྱས་ནས་དེ་རིང་མ་ཚོགས་མཁའ་འགྲོ་འབུམ་གྱི་དུས་ཆེན་ལ་སྤེལ་བ་དགེའོ།།


གླིང་དཀར་དཔའ་བོའི་ཀི་སྒྲ།

ཧཱུ་ྃ། སྐྱེ་མེད་ཆོས་སྐུའི་ཀློང་ཡངས་ནས། །
འགག་མེད་ལོངས་སྐུའི་རོལ་གར་རྗེ། །
གང་འདུལ་སྤྲུལ་སྐུའི་དོན་མཛད་པ། །
རྩ་བརྒྱུད་བླ་མ་བསང་ལ་བྱོན། །
ཡི་དམ་པདྨ་འབྱུང་གནས་དང་། །
ཆོས་སྐྱོང་མ་གཟའ་དམ་གསུམ་ཚོགས། །
གེ་སར་ནོར་བུ་དགྲ་འདུལ་དང་། །
གསེར་བའི་ཉི་འབུམ་བསང་ལ་བྱོན། །
གླིང་དཀར་དཔའ་བརྟུལ་སུམ་ཅུ་དང་། །
སེང་ལྕམ་མ་སྨན་མཁའ་འགྲོའི་ཚོགས། །
དཀར་སྐྱོང་ཡུལ་ལྷ་གཞི་བདག་བཅས། །
ས་ཕྱོགས་འདིར་གནས་བསང་ལ་བྱོན། །
སློབ་དཔོན་སྤྱན་སྔར་ཁས་བླངས་བའི། །
དམ་བཅའ་གཉན་པོ་མ་གཡེལ་བར། །
སངས་རྒྱས་བསྟན་པ་དར་བ་དང་། །
སེམས་ཅན་བདེ་སྐྱིད་ལྡན་པར་མཛོད། །
བསང་མཆོད་བདུད་རྩིའི་རྒྱ་མཚོ་དང་། །
གཙང་མ་ཕུད་ཀྱི་གསེར་སྐྱེམས་འདི། །
ལྷ་སྲུང་དགྱེས་པའི་མཆོད་སྤྲིན་དང་། །
ཐུགས་དམ་བསྐང་བའི་དམ་རྫས་ཡིན། །
བདེ་སྐྱིད་ཉི་མ་འཆར་འཆར་གྱིས། །
དགའ་སྤྲོ་པདྨོ་བཞད་བཞད་གྱིས། །
བསོད་ནམས་རི་རྒྱལ་བརྟན་བརྟན་གྱིས། །
ལོངས་སྤྱོད་རྒྱ་མཚོ་འཕྱུར་འཕྱུར་གྱིས། །
མི་ལ་ན་ཚ་མ་བཏང༌ཅིག ། 
ཕྱུགས་ལ་གོད་ཁ་མ་གཏོང་ཅིག ། 
ཞིང་ལ་སད་སེར་མ་བཏང་ཅིག །
གཡང་ལ་གཡང་ཉམས་མ་གཏོང་ཅིག །
གཞིས་ལ་འདུག་ན་ཁ་འཛིན་མཛོད།  །
བྱེས་སུ་འགྲོ་ན་བསུ་མ་གྱིས།  །
ཆུ་ལ་འགྲོ་ན་ཟམ་པ་ཚུགས།  །
བྲག་ལ་འགྲོ་ན་ཐེམ་པ་གྱིས།  །
ནད་མུག་མཚོན་འཁྲུག་གཡུལ་ངོ་བཟློག །
དགྲ་ཇག་ཆོམ་རྐུན་མེད་པར་མཛོད། །
མེ་ཆུ་གཅན་གཟན་འཇིགས་པ་སོལ། །
འགལ་རྐྱེན་བར་ཆད་ཐམས་ཅད་སེལ། །
ཁ་ལས་རླུང་རྟ་དར་བར་ཤོག ། 
ཁ་རྗེ་དབང་ཐང་རྒྱས་པར་ཤོག །
བསམ་དོན་ཡིད་བཞིན་འགྲུབ་པར་ཤོག །
ཅི་བྱས་ལམ་ལ་འགྲོ་བར་ཤོག ། 

    ཅེས་བོད་ཆུ་ཡོས་ལོས་ཟླ་ལྔ་བའི་ཚེས་བཅོ་ལྔ་སྟེ་ཁྱབ་བདག་བླ་མའི་གདན་ས་ནས་འཛམ་གླིང་སྤྱི་བསང་ཆེན་མོར་མཆོད་པའི་ཞོགས་ཁར་བླ་མ་མཆོག་གསུམ་ལ་མཆོད་པ་དང་། ཆོས་སྐྱོང་སྲུང་མ་ལ་འཕྲིན་བཅོལ། གླིང་དཀར་དཔའ་བརྟུལ་དང་ཡུལ་ལྷ་གཞི་བདག་ལ་བཀའ་གཉེར་གཏད་ཏེ་བསང་མཆོད་གླིང་དཀར་དཔའ་བོའི་ཀི་སྒྲ་འདི་ཉིད་གུས་སློབ་པདྨ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱིས་སྨོན་པའོ།།


继续滑动看下一个

གླིང་དཀར་དཔའ་བོའི་ཀི་སྒྲ།

白玛晋美郎嘉 白玛晋美郎嘉
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存